གསུང་བཤད་གནང་མཁན།

སྐྱབས་རྗེ་ཨ་བི་ཀྲི་ཏ་བཛྲ་ས་སྐྱ་རིན་པོ་ཆེ།
ས་སྐྱ་དགོན་པ།
སྐྱབས་རྗེ་ཨ་བི་ཀྲི་ཏ་བཛྲ་ས་སྐྱ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༩༣ ལོར་སིཨ་ཊི་ལེ་(Seattle)ལ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་རྒྱ་གར་དུ་སྐྱབས་རྗེ་ཡོངས་ཀྱི་བདག་པོ་༧ ཛི་གདལ་ཟླ་ཆེན་ས་སྐྱ་པ་དང་། ༧སྐྱབས་རྗེ་ས་སྐྱ་ཁྲི་ཆེན་ ༤༡ པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བླ་མ་ཆེན་པོ་དུ་མའི་དྲུང་ནས་སློབ་གསོ་ཐོབ་གནང་ཡོད། རྫོང་སར་མཐོ་སློབ་ཏུ་ལོ་ངོ་བཅུ་ཕྲག་ལྷག་རིང་དཀའ་ཚེགས་ཆེ་བའི་སློབ་སྦྱོང་དང་མཚམས་ལ་བཞུགས་པ་མ་ཟད། སྔགས་ཀྱི་སྦྱོང་བརྡར་མཐར་ཕྱིན་པ་གནང་སྟེ། ད་ལྟ་འཛམ་གླིང་ཡོངས་ལ་དམ་པའི་ཆོས་ཁ་གསལ་ཞིང་བྱམས་བརྩེ་ཆེན་པོའི་ངང་ནས་སྤེལ་བཞིན་ཡོད། རིན་པོ་ཆེ་མཆོག་ནི་སིཨ་ཊི་ལེ་ཡོད་པའི་ས་སྐྱ་དགོན་པའི་མཁན་ཆེན་དང་རྒྱ་གར་དང་ཨེ་ཤི་ཡ་ནང་ཡོད་པའི་ལྟེ་གནས་ཁག་གི་འགན་འཛིན་ཡིན། ཁོང་གིས་འཛམ་གླིང་སྤྱི་ཚོགས་ཞབས་ཞུ་ཆེད་དུ་མ་རི་སི་( Marici )འབྲེལ་མཐུན་ཚོགས་པ་དང་ལུམ་བི་ནིར་ལོ་ལྟར་ནང་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེད་དུ་བྷ་དྲ་ཅརྱ་(Bhadracarya)ཐེབས་རྩ་བཙུགས་གནང་ཡོད། ཁོང་ནི་ “Wake Up to What Matters (Shambhala) ཞེས་པའི་རྩོམ་པ་པོ་ཡང་ཡིན།

ཟླ་བ་ཆོས་འཛོམས།
རྩིས་པ་ཆེན་མོ། KPMG
ཟླ་བ་ཆོས་འཛོམས་ནི་རྩིས་པ་ཆེན་མོ་ཞིག་ཡིན་པ་དང༌། ལོ་ངོ་ ༡༡ རིང་ཁྲིམས་མཐུན་རྩིས་ཞིབ་དང་གསར་གཏོད་ལག་བསྟར་གྱི་ཉམས་མྱོང་ཡོད། ད་ལྟ་ KPMG ཡི་རྩིས་ཞིབ་སྡེ་ཚན་གྱི་འགན་འཛིན་ཡིན།

བསྟན་འཛིན་ཆོས་འཕེལ།
གསར་འཛུགས་པ་དང་འགན་འཛིན། སློབ་སླའོ།
བསྟན་འཛིན་ཆོས་འཕེལ་ལགས་བོད་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་ཆུང་དུས་ནས་རང་ཡུལ་བཞག་སྟེ་རྒྱ་གར་དུ་འབྱོར་བ་ཞིག་ཡིན། རྒྱ་གར་དུ་འབྱོར་མ་ཐག་ཁོང་འབྲས་སྤུངས་དགོན་པར་ཞུགས་པ་དང་། ས་རཱ་མཐོ་སློབ་དང་། ཡེ་ཌིན་བྷ་(Edinburgh)གཙུག་ལག་སློབ་གཉེར་ཁང་། ཨོག་སི་ཕོར་ཌི་(Oxford)གཙུག་ལག་སློབ་གཉེར་ཁང་བཅས་ནས་བསླབ་པ་མཐར་སོན། ཁོང་དར་མའི་སྐབས་སུ། རྒྱ་གར་དང་དབྱིན་ཡུལ་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་མྱོང་ཡོད་པ་དང་། དེ་ཡང་དྷ་རམ་ས་ལར་ཐོས་བསམ་གླིང་བཙུན་དགོན་དང་། ལོན་ཌོན་གཙུག་ལག་སློབ་གཉེར་ཁང་། ཤར་ཕྱོགས་སློབ་གྲྭ་དང་ཨ་ཧྥི་རི་ཀའི་སློབ་གཉེར་ཁང་(SOAS)བཅས་སུ་སློབ་ཁྲིད་གནང་མྱོང་ཡོད། ཁོང་རང་ཉིད་ཀྱི་སློབ་ཁྲིད་ཀྱི་ཉམས་མྱོང་ལས་སྤྱི་ལོ་ ༢༠༡༨ ལོར་བོད་སྐད་ཀྱི་སློབ་དེབ་“The Manual of Authentic Tibetan”ཞེས་པ་དཔར་སྐྲུན་གནང་ཡོད། བསྟན་འཛིན་ནི་ Tib Shelf འཛུགས་མཁན་གྱི་གྲས་ཡིན་པ་དང་། ཨིན་སི་ཌའི་མིང་བྱང་(Instagram ID) “easytibetan” གསར་འཛུགས་གནང་མཁན་དང་འགན་འཛིན་ཡིན། ཁོང་དུས་ཚོད་སྟོང་པའི་སྐབས་སུ་ཁོང་རང་གི་གྲོགས་པོ་ཚོ་དང་ལྷན་དུ་སྤོ་ལོ་རྩེད་པ་དང་ཆུ་རྐྱལ་བརྒྱབ་རྒྱུར་དགའ་པོ་ཡོད།

འབུམ་རམས་པ་སྦྲ་རིགས་ཐོགས་མེད།
ཉམས་ཞིབ་སློབ་གཉེར་བ། ཁེམ་བྷི་རི་ཇི་གཙུག་ལག་སློབ་གྲྭ་ཆེན་མོ།
འབུམ་རམས་པ་སྦྲ་རིགས་ཐོགས་མེད་ནི། ཁེམ་བྷི་རི་ཇི་(Cambridge)གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཉམས་ཞིབ་སློབ་གཉེར་བ་ཞིག་ཡིན་ཞིང་། ཁོང་ཨོག་སི་ཧྥོར་ཌི (Oxford)གཙུག་ལག་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པ་ཐོན་ཞིང། ཁོང་གིས་དེང་རབས་ཀྱི་དུས་འགོའི་ནང་ཨེ་ཤི་ཡའི་(བོད་དང་སོག་པོ་དང་རྒྱ་ནག་)སྤྱི་ཚོགས་རིག་གནས་དང་ཆབ་སྲིད་ཀྱི་ལོ་རྒྱུས་ཐོག་ལ་གཙོ་བོར་དམིགས་ནས་ཉམས་ཞིབ་གནང་ཡོད། ཁོས་ཤེས་ལྡན་པ་དང་སྤྱི་དམངས་གཉིས་ཀའི་ཆེད་དུ་རྩོམ་ཡིག་འབྲི་གནང་གི་ཡོད།

སངས་རྒྱས་དཀོན་མཆོག
ཉམས་ཞིབ་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།
བོད་ནང་དུ་དམའ་འབྲིང་སློབ་མཐར་སོན་རྗེས་བཙན་བྱོལ་དུ་འབྱོར། ཏཱ་ལའི་བླ་མ་མཐོ་རིམ་སློབ་སློབ་གཉེར་ཁང་དུ་བོད་ཀྱི་རྩོམ་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་བོད་ཀྱི་དུས་བབ་གསར་ཁང་དུ་གསར་འགོད་པ་དང་། རྩོམ་སྒྲིག་པ་གཞོན་པ་སོགས་ལོ་ངོ་གསུམ་ལ་ལས་གཉེར་བྱས། ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དུ་ལས་གཉེར་བྱས་ཏེ་འདས་པའི་ལོ་ངོ་ ༨ ལྷག་རིང་གསར་འགོད་པའི་ལས་རིག་གཉེར་བ་ཡིན། ད་ལྟ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པའི་ལས་ཀ་བྱེད་བཞིན་པ་ཡིན།

ཤེས་རབ་མཚོ་མོ།
སེམས་ཁམས་འཕྲོད་བསྟེན་ཁྱད་ལས་བ། བོད་མིའི་སྒྲིག་འཛུགས།
ཤེས་རབ་མཚོ་མོ་ནི་རྡ་སྡེང་བོད་ཁྱིམ་ནས་གཞི་རིམ་མཐར་ཕྱིན་པ་དང་། ཏཱ་ལའི་བླ་མའི་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་བསླབ་མཐར་སོན་ནས་ཅན་ཌི་གྷར་མཐོ་སློབ་(Chandigarh University)ནས་སྨན་པའི་སེམས་ཁམས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་བསླབ་པ་མཐར་སོན། ཤེས་རབ་མཚོ་མོ་ལགས་ཀྱིས་སྨན་པའི་སེམས་ཁམས་ཀྱི་ལས་དོན་འགོ་འཛུགས་སྐབས་བོད་པའི་གསོ་དཔྱད་པ་བྱེད་མྱོང་ཡོད་པ་དང་། དེའི་རིང་ལ་ཁོ་མོས་སྲོལ་རྒྱུན་དང་དེང་རབས་ཀྱི་ཐབས་ལམ་བརྒྱུད་ནས་མི་སྒེར་ལ་རོགས་རམ་བྱས་ཏེ་ཉམས་མྱོང་མང་པོ་བསགས་ཡོད། ཕྱིས་སུ་ཁོ་མོས་ཀུན་ཕན་ནད་གསོ་ཁང་དུ་དང་བླངས་ཐོག་ནས་ལམ་སྟོན་པ་བྱས་ཏེ་དུག་རྫས་བེད་སྤྱོད་དང་འབྲེལ་བའི་དཀའ་ངལ་ལས་ཐར་བའི་མི་སྒེར་ལ་ལམ་སྟོན་དང་རོགས་རམ་བྱས་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༤ པ་ནས་བཟུང་ཤེས་རབ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འོག་ཏུ་ཡོད་པའི་ལྷོ་ཁུལ་གྱི་དྲ་རྒྱའི་སེམས་ནད་ཚན་ཁག་གི་ལས་གཞིའི་འགན་འཛིན་གྱི་ལས་འགན་ཁུར་གནང་སྟེ་བསྡད་ཡོད་པ་དང་། ཁོ་མོས་བོད་པའི་སྤྱི་ཚོགས་ནང་སེམས་ཁམས་འཕྲོད་བསྟེན་གྱི་ཞབས་ཞུ་མཐུན་སྦྱོར་བྱེད་ཀྱི་ཡོད་པ་དང་དེའི་ནང་དུ་སེམས་ཁམས་འཕྲོད་བསྟེན་སྐོར་གོ་རྟོགས་སྤེལ་བ་དང་སློབ་སྟོན་དང་སེམས་ནད་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད།

འབུམ་རམས་པ་འབྲོང་ཆུང་བསྟན་འཛིན་ཡིད་འོང།
ཞིབ་འཇུག་སློབ་གཉེར་བ། བྷ་རོན་གཙུག་ལག་སློབ་གྲྭ་ཆེན་མོ།
འབུམ་རམས་པ་ཡིད་འོང་འབྲོང་ཆུང་ལགས་ནི་དེང་རབས་ཀྱི་དུས་འགོར་ཤར་ཨེ་ཤི་ཡའི་དཔར་སྐྲུན་འཕྲུལ་ལས་ལོ་རྒྱུས་དང་དངོས་རྫས་རིག་གནས་ཞིབ་འཇུག་ཐད་ཆེད་ལས་པ་ཞིག་ཡིན། ཁོ་མོའི་ཞིབ་འཇུག་ནང་བོད་དང་། རྒྱ་བོད་ས་མཚམས། རྒྱ་ནག་ཆིང་རྒྱལ་རབས་(1644-1911)སྐབས་ཀྱི་ནང་པའི་ས་ཁུལ་བཅས་སུ་ཤིང་བཀོད་ཁང་པ་རྒྱ་བསྐྱེད་ཇི་ལྟར་བྱས་ཚུལ་ལ་ཞིབ་འཇུག་གནང་གི་ཡོད་པ་དང་། ལྷག་པར་དུ་ལག་ཤེས་དང་ལག་ཤེས་མཁས་པར་དམིགས་གཏད་གནང་གི་ཡོད། ད་ལྟའི་ཆར་ཁོང་བྷ་རོན་གཙུག་ལག་སློབ་གྲྭ་ཆེན་མོའི་(Brown University)ལོ་རྒྱུས་སྡེ་ཚན་ནང་འབུམ་རམས་མཐར་ཕྱིན་ཏེ་ཞིབ་འཇུག་གི་སློབ་གཉེར་གནང་བཞིན་ཡོད། ཁོ་མོ་ནི་ཕྱི་ལོ་ ༢༠༢༤ ལོར་ཁོ་ལོམ་བྷི་ཡ་( Columbia )གཙུག་ལག་སློབ་གྲྭ་ཆེན་མོའི་ཤར་ཨེ་ཤི་ཡའི་ལོ་རྒྱུས་ཐོག་འབུམ་རམས་པའི་སློབ་སྦྱོང་མཐར་ཕྱིན། ཐོག་མར་བོད་ཁྱིམ་ནས་ཡིན་ཞིང་རྗེས་སུ་བོད་གཞུང་གི་སློབ་ཡོན་ཐོབ་ནས་ཨ་ཊི་ལན་ཊིག་རྒྱལ་སྤྱིའི་མཐུན་སྒྲིལ་མཐོ་སློབ་(United World College of the Atlantic )ནས་སློབ་གྲྭ་ཆེན་མོ་ལེགས་གྲུབ་བྱུང་བ་དང་། དེ་ནས་ཝེ་ལེས་ལེ་(Wellesley )སློབ་གྲྭ་ཆེན་མོ་ནས་མཐོ་སློབ་མཐར་ཕྱིན་པ་རེད།

བསྟན་འཛིན་སྙན་གྲགས།
སྙན་གྲགས་བཟོ་བཀོད་ཁང་གསར་འཛུགས་གནང་མཁན།
བསྟན་འཛིན་སྙན་གྲགས་ལགས་ནི་ཁང་བཟོ་དང་བཟོ་སྐྲུན་འཆར་འགོད་ཐོག་ལ་ཆེད་ལས་པ་ཞིག་ཡིན། ཁོང་ནི་སྙན་གྲགས་བཟོ་བཀོད་ཁང་གསར་འཛུགས་གནང་མཁན་ཞིག་ཡིན་པ་མ་ཟད། ནིའུ་ཡོག་གྲོང་ཁྱེར་དང་རྒྱ་གར་རྡ་རམ་ས་ལར་ཇུས་བཀོད་མང་པོ་གནང་ཡོད། ཁོང་གིས་རིག་གཞུང་གི་ཤུལ་རྫས་སྲུང་སྐྱོབ་དང་། ཚད་ལྡན་བཟོ་བཀོད་སྒྱུ་རྩལ་དང་གསར་སྐྲུན་རང་བཞིན་ལྡན་པའི་བཟོ་བཀོད། ལྷག་པར་དུ་བཟོ་བཀོད་སྒྱུ་རྩལ་ལ་དོ་སྣང་ཡོད་མཁན་གྱི་ན་གཞོན་རྣམས་ལ་རྒྱབ་སྐྱོར་གནང་རྒྱུར་དམ་བཅའ་བརྟན་པོ་ཡོད།་བསྟན་འཛིན་ལགས་ཀྱིས་ཁང་བཟོ་དང་བཟོ་སྐྲུན་འཆར་འགོད་གཉིས་ཀའི་ལས་འཆར་གྱི་འགན་འཛིན་གནང་བ་མ་ཟད། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་ཕྱིར་མཁས་པ་དང་ཆེད་ལས་མི་སྣ་མང་པོ་དང་མཉམ་འབྲེལ་གྱིས་ཞིབ་འཇུག་གི་ལས་འཆར་ཡང་སྤེལ་གྱི་ཡོད། སྙན་གྲགས་བཟོ་བཀོད་ཁང་མ་བཙུགས་པའི་སྔོན་ལ་ཁོང་ནི(་Caples Jefferson Architects) ཞེས་པའི་ཚོགས་པའི་འབྲེལ་མཐུད་པ་ཡིན་པ་དང་། ༢༠༡༥ ལོར་ཁོང་ལ་(Robert Silman Fellow for Preservation Engineering) གྱི་མཚན་གནས་ཐོབ་ཡོད།

འབུམ་རམ་པ་ཨོ་རྒྱན་ཆོས་གྲུབ།
ལོ་རྒྱུས་སྨྲ་བ་དང་མཐོ་རིམ་སློབ་དཔོན། ཡཱ་ལེ་གཙུག་ལག་སློབ་གྲྭ་ཆེན་མོ།
འབུམ་རམས་པ་ཨོ་རྒྱན་ཆོས་གྲུབ་ལགས་ནི་དེང་རབས་བོད་དང་རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཞིག་ཡིན་ཞིང་། ཁོང་གིས་ངོ་བོ་དང་མི་རིགས་རིང་ལུགས། དེ་བཞིན་དེང་རབས་ཀྱི་གནད་དོན་ལ་དམིགས་གཏད་གནང་གི་ཡོད། ཁོང་གིས་རྒྱ་གར་ནང་གི་བོད་པའི་སྐྱབས་བཅོལ་སློབ་གྲྭ་ནས་གཞི་རིམ་སློབ་སྦྱོང་མཐར་ཕྱིན་པ་དང་རྒྱ་གར་རྒྱལ་ས་ལྡི་ལི་ནང་དུ་ཡོད་པའི་ཇཱ་ཝཱ་ཧར་ལཱལ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོ་(Jawaharlal Nehru University)ནས་གཙུག་ལས་རབ་འབྱམས་པ་མཐར་ཕྱིན་པའི་ལག་འཁྱེར་བཞེས་ཡོད། ཕེན་སིལ་ཝེ་ནི་ཡ་མངའ་སྡེ་སློབ་ཆེན་(Pennsylvania State University)ནས་ལོ་རྒྱུས་ཐོག་འབུམ་རམས་པའི་ལག་འཁྱེར་བཞེས་པ་དང་དེའི་ཆེད་དུ་ཁོང་གིས་བརྩམས་པའི་དཔྱད་རྩོམ་གྱི་ཁ་བྱང་ནི། “བོད་ཀྱག་ཀྱོག་གི་ལམ་བུ། དེང་རབས་དང་རྒྱལ་ཞེན་རིང་ལུགས། ངེས་གཏན་མེད་པའི་བཙན་བྱོལ་བ་”ཞེས་པ་དེ་ཡིན། ཁོང་གི་དཔྱད་རྩོམ་འདིས་དེང་སང་བཙན་བྱོལ་བོད་མིའི་ཁྲོད་ཀྱི་རྒྱལ་ཞེན་རིང་ལུགས་ཀྱི་སྐད་ཆའི་མ་ལག་ལ་ཁུངས་འདེད་བྱས་ཡོད། ད་ལྟའི་ཆར་ཁོང་ཡཱ་ལེ་གཙུག་ལག་སློབ་གྲྭ་ཆེན་མོའི་(Yale University)ཤར་ཨེ་ཤ་ཡའི་ཤེས་ཡོན་ལྷན་ཚོགས་ནང་(Council on East Asian Studies)འབུམ་རམས་མཐར་ཕྱིན་པའི་རྗེས་ཀྱི་ཉམས་ཞིབ་པ་དང་འཆད་ཁྲིད་པ་གནང་མུས་ཡིན། ཁོང་གི་ཉམས་ཞིབ་ཀྱི་ཞོར་ལ་བོད་སྐད་ཀྱི་བརྗོད་དོན་དང་ལོ་རྒྱུས། ད་ལྟའི་གནས་སྟངས་བཅས་ཀྱི་སྐོར་ལ་ “འཁྱལ་གཏམ”་ ཟེར་བའི་པོ་བསྒྲགས་ཤིག་ཀྱང་གཙོ་སྐྱོང་གནང་མུས་ཡིན།

དགེ་བཤེས་བསྟན་འཛིན་ཚེ་ལེགས།
ནང་པའི་ལྟ་གྲུབ་སློབ་དཔོན། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།
དགེ་བཤེས་བསྟན་འཛིན་ཚེ་ལེགས་ནི་ཕྱི་ལོ་ ༢༠༡༧ ནས་བཟུང་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ནང་པའི་ལྟ་གྲུབ་སློབ་དཔོན་གྱི་ཕྱག་ལས་གནང་མུས་ཡིན་པ་དང་། ཁོང་ལ་སཱི་ཤེས་ཡོན་(SEE Learning)གྱི་མཐུན་རྐྱེན་སྦྱོར་མཁན་གྱི་སྦྱོང་བརྡར་དེ་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཐོབ་ཡོད། ཕྱི་ལོ་ ༢༠༠༡ ལོར་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་སློབ་མཐར་སོན་ནས། དགེ་འདུན་གྱི་སྡོམ་པ་བཞེས་ཏེ་རིགས་ལམ་སློབ་གཉེར་ཁང་དུ་སློབ་གཉེར་གནང་ནས་ཕྱི་ལོ་ ༢༠༡༧ ལོར་མཐར་ལོ་ ༡༦ རིང་གི་ནང་པའི་ལྟ་གྲུབ་ཐོག་ཚད་མཐོའི་སློབ་གཉེར་ཐོན་གནང་ཡོད། ཕྱིས་སུ་ཕྱི་ལོ་ ༢༠༡༩ ལོར་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་ཀྱི་མཚན་གནས་བཞེས་གནང་ཡོད།

Geshe Jamphel Dorjee
ནང་པའི་ལྟ་གྲུབ་སློབ་དཔོན། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།

ངག་དབང་དབྱིག་གཉེན།
འགན་འཛིན། ནོར་བཟང་དཔེ་ཁང་།
ངའི་མིང་ལ་ངག་དབང་དབྱིག་གཉེན་ཟེར། ༢༠༠༦ ལོར་རྒྱ་གར་དུ་འབྱོར། ༢༠༡༥ བར་འབྲས་སྤུངས་བློ་གསལ་གླིང་ནས་སློབ་གཉེར་བྱས། ཕར་ཕྱིན་རབ་འབྱམས་པ་ཐོན། ༢༠༡༦ - ༢༠༡༨ བར་ནོར་གླིང་མཐོ་སློབ་ཏུ་སློབ་སྦྱོང་བྱས། ༢༠༡༨ - ༢༠༡༩ བར་ས་སྐྱའི་མ་དགོན་དུ་རྩོམ་རིག་དང་བརྡ་སྤྲོད་དགེ་རྒན་བྱས། སྔ་ཕྱི་བརྩམས་ཆོས་དེབ་ཕྲེང་་བདུན་ཙམ་བྲིས། དྲྭ་རྒྱ་དང་དུས་དེབ་འགའ་ཡི་རྩོམ་སྒྲིག་པ་བྱས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་ཚོགས་འདུ་ལ་བཅར་ནས་དཔྱད་རྩོམ་སྒྲོག་སྦྱང་ཞུས། རྒྱ་གར་ནང་བོད་རིག་པའི་བགྲོ་གླེང་དང་། མཐོ་རིམ་སློབ་མའི་ཚོགས་ཆེན། རིས་མེད་མཁས་པའི་བགྲོ་གླེང་སོགས་ཐེངས་བཅུ་ཕྲག་འགའ་ཤས་ལ་མཉམ་ཞུགས་དང་རྩོམ་ཡིག་སྒྲོག་སྦྱང་ཞུས། ༢༠༡༨-༢༠༢༡ བར་རྫོང་སར་བཤད་གྲྭ་མཐོ་རིམ་སློབ་གཉེར་བྱེད་ཞོར་འབྲི་གུང་དགོན་དུ་རྩོམ་རིག་དང་བརྡ་སྤྲོད་དགེ་རྒན་བྱས། ༢༠༢༡ ནས་ད་བར་བལ་ཡུལ་ནོར་བཟང་དཔེ་ཁང་གི་གཙོ་གཉེར་བ་འགན་ཁུར་མུས་ཡིན།

བདེ་ལེགས་དབང་མོ།
འགན་འཛིན། བོད་ཀྱི་ནུས་པ་གོང་འཕེལ་ལྟེ་གནས་ཁང་།
བདེ་ལེགས་དབང་མོ་ལགས་ནི་སློབ་གསོའི་ཆེད་ལས་ཐོག་སྦྱོང་བརྡར་ཐོན་པའི་དམིགས་བསལ་སློབ་གསོའི་འགན་འཛིན་དང་བོད་ཀྱི་ནུས་པ་གོང་འཕེལ་ལྟེ་གནས་(TAC)ཁང་གི་འགན་འཛིན་ཡིན་ཞིང་། ལྟེ་གནས་ཁང་དེ་ནི་རྒྱ་གར་རྡ་རམ་ས་ལའི་ཉེ་འཁྲིས་མེག་ལོཌ་གྷན་ཇི་རུ་གནས་ཡོད། བོད་ཀྱི་ནུས་པ་གོང་འཕེལ་ལྟེ་གནས་ཁང་ནི་ཁེ་མེད་ཚོགས་པ་ཞིག་ཡིན་ཞིང་དབང་པོ་སྐྱོན་ཅན་གྱི་བོད་མི་དང་འབྲེལ་ཡོད་མི་སྣ་ཚོར་རམ་འདེགས་བྱེད་བཞིན་ཡོད། ང་ཚོའི་དམིགས་ཡུལ་ནི་དབང་པོ་སྐྱོན་ཅན་གྱི་མི་རྣམས་ལ་འདྲ་མཉམ་དང་གུས་ཞབས། མི་ཚེར་འོད་སྣང་ལྡན་པ་ཞིག་བསྐྲུན་རྒྱུ་དེ་ཡིན། TAC ཡིས་རྒྱ་གར་ནང་གནས་སྡོད་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་དང་འཕྲོད་བསྟེན། ཁྲིམས་དོན་ཞུ་གཏུག་སོགས་ཀྱི་ཐད་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་སྤེལ་ཏེ་སྤྱི་ཚོགས་འདྲ་མཉམ་ཞིག་བསྐྲུན་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། སློབ་གསོའི་ཆེད་ལས་ཐོག་མཐོ་རིམ་སློབ་ཐོན་གྱི་ལག་འཁྱེར་ཐོབ་རྗེས་༢༠༠༥ ནས་ ༢༠༡༥ བར་རྒྱ་གར་གྱི་གྲོང་ཁྱེར་དེ་ར་དྷུན་དུ་(Dehradun) བོད་མིའི་སྒྲིག་འཛུགས་ཀྱི་འོག་ཏུ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཚོར་དམིགས་བསལ་སློབ་གྲྭའི་ནང་ཕྱག་ལས་གནང་། ཕྱི་ལོ་༢༠༡༥ ནས་བཟུང་TAC གྱི་ལས་བྱེད་རྣམས་ཀྱི་སྣེ་ཁྲིད་བྱེད་བཞིན་ཡོད།

ག་རྒྱ་རྒྱལ་མཚན་ཆོས་སྐྱིད།
རྒྱ་ཡིག་དགེ་རྒན། ནོར་གླིང་མཐོ་སློབ།
ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ནི་ནག་ཆུ་ཨ་མདོར་སྐྱེས། ཨ་མདོ་རྫོང་དང་ནག་ཆུ་གྲོང་ཁྱེར་སོགས་ནས་སློབ་ཆུང་དང་དམའ་འབྲིང་མཐོ་འབྲིང་བཅས་རིམ་པས་སློབ་མཐར་ཕྱིན། དེ་རྗེས་ལྷ་ས་དགེ་འོས་སློབ་གླིང་ནས་སློབ་མཐར་ཕྱིན། སྤྱི་ལོ་ ༢༠༠༩ ལོར་རྒྱ་གར་དུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཞུགས། དེ་རྗེས་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་སྒྲིག་ཞུགས་བྱས་ཏེ་གཞུང་ཆེན་བཀའ་པོད་ལྔ་གཙོས་བོད་ཀྱི་བརྡ་སྤྲོད། སྙན་གཞུང་དང་རྒྱལ་རབས་ལོ་རྒྱུས། གློག་ཀླད་དང་དབྱིན་ཇིའི་སྐད་ཡིག་བཅས་ལ་སྦྱངས་པ་མི་དམན་པར་བྱས། བོད་ཀྱི་དཔེ་མཛོད་ཁང་དུ་<>ཅེས་པའི་བགྲོ་གླེང་ཐོག་དཔྱད་རྩོམ་སྒྲོག་སྦྱོང་བྱས། དེ་བཞིན་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྔ་ཕྱི་ཐེངས་གསུམ་ཙམ་མཉམ་ཞུགས་དང་དཔྱད་རྩོམ་སྒྲོགས་སྦྱོང་ཞུས། ས་རཱ་མཐོ་སློབ་ཏུ་<>སྔ་ཕྱི་ཐེངས་གཉིས་ལ་དཔྱད་རྩོམ་སྒྲོག་སྦྱངས་བྱས། ༢༠༢༥ ལོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་<>ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོར་གདན་ཞུས་སྐུ་མགྲོན་མིང་ཐོག་ནས་གཏམ་བཤད་སྤེལ། གཞན་ཡང་ཚན་རིག་ཟབ་སྦྱོང་གཙོས་ཟབ་སྦྱོང་གི་རིགས་མང་པོ་ཞིག་ལ་མཉམ་ཞུགས་བྱས། བཙུན་དགོན་དགེ་ལྡན་ཆོས་གླིང་དུ་བཙུན་མ་རྣམས་ལ་རྒྱ་ཡིག་སློབ་ཁྲིད་བྱས་པ་མ་ཟད་ཤར་ནུབ་གནས་འཁོད་བོད་པའི་སློབ་ཕྲུག་མང་པོ་ཞིག་ལ་དྲ་ལམ་བརྒྱུད་རྒྱ་ཡིག་སློབ་འཁྲིད་བྱས། ༢༠༢༢ ནས་ད་ལྟའི་བར་ནོར་གླིང་མཐོ་སློབ་ཀྱི་རྒྱ་ཡིག་དགེ་རྒན་བྱེད་མུས་ཡིན་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་ཙམ་མོ།

བསྟན་འཛིན་པདྨ།
འགན་འཛིན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་།
ཕྱི་ལོ་ ༢༠༡༡ ཟླ་ ༥ ནང་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་གཞོན་གནས་རིམ་ཐོག་སྲི་ཞུ་བར་འདེམས་སྒྲུག་བྱུང་ནས་ཐོག་མའི་ལོ་དྲུག་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་བོད་ནང་གི་ཤེས་ཡོན་གནས་སྟངས་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཐོག་ཉམས་ཞིབ་པའི་ལས་འགན་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༥ ནང་ཤེས་རིག་ལས་ཁུངས་སུ་གནས་སྤོས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འབྲེལ་བའི་ལས་གཞི་ཁག་གི་འགན་ཁུར་ཞུས་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༤ ནང་དཔལ་ལྡན་བཀའ་ཤག་ནས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་གནང་བ་ནས་བཟུང་ད་བར་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་མུ་མཐུད་ཞུ་མུས་ཐོག སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བའི་ལས་འགན་ཡང་ཞུ་མུས་ཡིན། གཞི་རིམ་ཤེས་ཡོན་མན་སྤར་ཉིན་སློབ་དང་ཌལ་ཧོར་གཏན་སློབ་ཏུ་བྱས་པ་དང་། མཐོ་སློབ་རྡོར་གླིང་སེནྟ་ཇཱོ་སེབ། དགེ་འོས་འབྲས་ལྗོངས་ལོ་ཡོ་ལ་དགེ་འོས་མཐོ་སློབ་བཅས་ནས་སློབ་མཐར་སོན། ལོ་གསུམ་ལྷག་ཙམ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་དགེ་རྒན་ཞབས་ཕྱི་ཞུས་པ་དང་། དེ་ནས་ལོ་གསུམ་ཙམ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དུ་ལས་ཀ་བྱས།

ཚེ་རིང་དབྱངས་ཅན།
ཁང་བཟོ་འཆར་བཀོད་པ། སྙན་གྲགས་བཟོ་བཀོད་ཁང་།
ཚེ་རིང་དབྱངས་ཅན་ནི་རྒྱ་གར་པཱ་ཇབ་(Punjab) ནང་གི་ (Indo Global College of Architecture)མཐོ་སློབ་ནས་མཐར་ཕྱིན། ཚེ་རིང་ནི་བོད་ནུབ་ཕྱོགས་སྤུ་ཧྲེང་ནས་སྐྱེས་པ་ཞིག་ཡིན། ཁོ་མོ་ལོ་ ༧ ལ་སོན་སྐབས་གོ་པཱལ་པུར་བོད་ཁྱིམ་(TCV Gopalpur) སློབ་གྲྭར་ཞུགས་གནང་ཡོད། མོ་རང་གི་ཁྱིམ་ཚང་ནང་ནས་མཐོ་རིམ་སློབ་སྦྱོང་མཐར་ཕྱིན་མཁན་ཐོག་མ་དེ་ཡིན་པའི་ཆ་ནས། ཚེ་རིང་ལགས་ཀྱིས་སྙན་གྲགས་བཟོ་བཀོད་ཁང་དང་ལྷན་དུ་ལས་ཀ་བྱེད་པའི་གོ་སྐབས་བྱུང་བར་དགའ་སྤོབས་ཆེན་པོ་ཡོད། ཁོ་མོས་སྙན་གྲགས་བཟོ་བཀོད་ཁང་ནང་དང་རྡ་སའི་ཉེ་འཁོར་དུ་གླ་མེད་ཀྱི་ལས་འཆར་མང་པོ་ཞིག་གི་ཐོག་ལ་ལས་ཀ་བྱེད་བཞིན་ཡོད།

ལྷག་པ་སྒྲོལ་མ།
ཁང་བཟོ་འཆར་བཀོད་པ། སྙན་གྲགས་བཟོ་བཀོད་ཁང་།
ལྷག་པ་སྒྲོལ་མ་ནི་བོད་ནང་སྐྱེས་པ་ཞིག་ཡིན་པ་དང་། སྙན་གྲགས་བཟོ་བཀོད་ཁང་གི་ལས་མི་གཞན་དང་འདྲ་བར་ཁོ་མོ་བོད་ཁྱིམ་སློབ་གྲྭའི་ནང་སློབ་སྦྱོང་བྱས་ཤིང་དེའི་ནང་ཁོ་མོ་རི་མོ་འབྲི་རྒྱུ་དང་། ཚོན་རིས་འབྲི་རྒྱུ། ཚན་རིག་བཅས་ལ་དགའ་ཞེན་ཇེ་ཆེར་སོང་། མཐར་ཁོ་མོ་(Lovely Professional University (LPU)མཐོ་སློབ་ནས་ཁང་བཟོ་རིག་པའི་ཐོག་ལ་ཉེ་བའི་གཙུག་ལག་རབ་འབྱམས་པ་མཐར་ཕྱིན། ད་ལྟ་ཁང་བཟོ་འཆར་བཀོད་ཐོག་ལ་དངོས་སུ་སྦྱོང་བརྡར་བྱེད་བཞིན་ཡོད། ལྷག་པས་གསར་གཏོད་འཆར་འགོད་དང་ཞིབ་འཇུག་གི་ལམ་ནས་བོད་ཀྱི་རིག་གཞུང་སྲུང་འཛིན་དང་དར་སྤེལ་གཏོང་རྒྱུར་དམ་བཅའ་བརྟན་པོ་ཡོད།

བདེ་ཆེན་མཚོ་རྒྱལ།
འཆར་བཀོད་པ། སྙན་གྲངས་བཟོ་བཀོད་ཁང་།
རྒྱ་གར་དབུས་ལ་སྐྱེས་པའི་བདེ་ཆེན་མཚོ་རྒྱལ་ལགས་ནི། ཆུང་དུས་ནས་དྷ་རམ་ས་ལར་གནས་སྤོས་གནང་སྟེ་རྡ་སྡེ་བོད་ཁྱིམ་དུ་སློབ་སྦྱོང་གནང་ཡོད། ཁོང་ནི་སྦི་ལཱ་སི་པུར་(Bilaspur)ཡོད་པའི་མཐོ་སློབ་(Government Engineering College)ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་མཐར་སོན། དེ་སྔོན་རྒྱ་གར་ལྷོ་ཕྱོགས་སུ་འཆར་བཀོད་པ་གཞོན་པའི་ལས་ཀ་གནང་སྟེ། དགེ་འདུན་པ་ཚོའི་ཤག་དང་གནས་སྡོད་མི་མང་གི་ཁང་པ་བཅས་ལ་ལས་བཟོ་དང་རྒྱུ་ཆ་འདྲེན་པ། འཛུགས་སྐྲུན་སོགས་ལ་འཛིན་སྐྱོང་གནང་ཡོད། སྙན་གྲགས་བཟོ་བཀོད་ཁང་ནང་ཁོང་མོས་བཟོ་བཀོད་ཀྱི་གྲུབ་ཆ་དང་ཞིབ་ཕྲ་རྣམས་གནད་དུ་འཁེལ་བ་དང་ལྷུ་ལག་ཆ་ཚང་མིན། མཐུན་སྦྱོར་བཅས་ལ་ཤུགས་སྣོན་གྱིས་གནད་དོན་དེ་དག་གསལ་སྟོན་བྱེད་བཞིན་ཡོད།

གངས་ཅན་སྒྲོལ་མ།
ཉམས་ཞིབ་པའི་མཉམ་རོགས་དང་བཟོ་བཀོད་ཁང་གི་འགན་འཛིན།
བོད་ཀྱི་ཤར་ཕྱོགས་སུ་སྐྱེས་པའི་གངས་ཅན་སྒྲོལ་མ་ལགས་ནི་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལ་ཕེབས་ཏེ། ཐོག་མར་བོད་ཁྱིམ་ཅོན་ཏ་ར( TCV Chauntra)སློབ་གྲྭའི་ནང་སློབ་སྦྱོང་གནང་ཡོད། དེ་རྗེས་ལྡི་ལི་གཙུག་ལག་སློབ་གྲྭ་ནས་དངོས་ཁམས་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་མཐར་ཕྱིན་ཞིང་། ཕྱིས་སུ་ལས་དོན་བཀོད་འདོམས་ཞིབ་འཇུག་ཐོག་གཙུག་ལག་རབ་འབྱམས་པ་ཐོན་གནང་ཡོད། ཁོང་གྲངས་འཛིན་དབྱེ་ཞིབ་དང་ཐག་གཅོད་ཇུས་འགོད་ཐད་དོ་སྣང་ཆེན་པོ་ཡོད། སྙན་གྲགས་བཟོ་བཀོད་ཁང་དུ་གངས་ཅན་ལགས་ཀྱིས་ཞིབ་འཇུག་ལས་གཞི་ཁག་ལ་ཕྱག་ལས་གནང་བ་དང་། ཡིག་ཚང་གི་ལས་དོན་ཚགས་ཚུད་ཡོང་ཐབས་གནང་བཞིན་ཡོད།

པ་སངས་བཀྲ་ཤིས།
ཁང་བཟོ་འཆར་བཀོད་པ། སྙན་གྲགས་བཟོ་བཀོད་ཁང་།
པ་སངས་བཀྲ་ཤིས་ནི་བོད་ཀྱི་ཤར་ཕྱོགས་སུ་སྐྱེས་ཤིང་། ཁོང་བོད་ཁྱིམ་སློབ་གྲྭའི་ནང་སློབ་སྦྱོང་གནང་ཡོད། ཁོང་་རྒྱ་གར་བྷང་ག་ལོར་ཡོད་པའི་(Christ College)མཐོ་སློབ་ནས་ཁང་བཟོ་འཆར་འགོད་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་བསླབ་པ་མཐར་སོན། ད་ལྟ་ཁོང་ཁང་བཟོ་འཆར་བཀོད་ཐོག་ལ་ཆེད་ལས་པ་ཞིག་ཡིན་པའི་ཆ་ནས། བསམ་བློ་ཞིབ་ཏུ་བཏང་བའི་ཁང་བཟོའི་་འཆར་འགོད་དང་ཞིབ་འཇུག་ལས་དོན་བརྒྱུད་ནས། བོད་ཀྱི་ཕྱུག་ཅིང་སྣ་མང་རིག་གཞུང་སྲུང་འཛིན་བྱེད་རྒྱུའི་དམིགས་ཡུལ་བཟུང་ཡོད།

བསྟན་འཛིན་ཆོས་དབྱངས།
འཆར་བཀོད་པ། སྙན་གྲངས་བཟོ་བཀོད་ཁང་།
བཟོ་སྐྲུན་གྱི་བརྒྱུད་རིམ་ལ་གོ་བ་གསལ་པོ་ཡོད་པ་དང་མི་སྒེར་བར་གྱི་འབྲེལ་བ་བཟང་པོ་ཡོད་པར་བརྟེན་ནས། བསྟན་འཛིན་ཆོས་དབྱངས་ལགས་ཀྱིས་མཉམ་ལས་ཀྱི་ཐོག་ནས་འགྲོ་གྲོན་ཚད་གཞི་ནང་ཚུད་པའི་སྒང་། ལས་འཆར་དུས་ཐོག་ཏུ་ལེགས་གྲུབ་བྱེད་པའི་འགན་ལེན་གནང་གི་ཡོད། བསྟན་འཛིན་ལགས་ཀྱིས་མཆོད་རྟེན་དང་སྡོད་ཁང་ཆུང་ཆུང་། ཆེན་པོ་སོགས་ཀྱི་ལས་འཆར་ཁག་གཅིག་གི་ཐོག་ལས་ཀ་གནང་མྱོང་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཆར་བཀོད་པའི་ལས་ཀ་ཡང་གནང་མྱོང་ཡོད། ཁོང་ནི་(Lovely Professional University) མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཁོང་རླངས་འཁོར་དང་སྡོད་ཁང་ཆུང་ཆུང་། མེ་ཏོག་ལྡུམ་རའི་ལས་ཀ། རྐང་རྩེད་སྤོ་ལོ་རྩེད་རྒྱུ་བཅས་ལ་དགའ་པོ་ཡོད།

པདྨ་ཚེ་དབང་།
སློབ་མ། རིགས་ལམ་སློབ་གཉེར་ཁང་།
པདྨ་ཚེ་དབང་ད་ལྟ་རིགས་ལམ་སློབ་གཉེར་ཁང་དུ་(IBD)ཤེས་ཕྱིན་ཐོག་སྲོལ་རྒྱུན་གྱི་སྒྲིག་སྲོལ་འོག་སློབ་སྦྱོང་བྱེད་བཞིན་ཡོད། ཁོང་ལ་ཇཱ་ཝཱ་ཧར་ལཱལ་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་(JNU) ཧྥ་རན་སི་དང་ཧྥ་རན་སི་སྐད་ཡིག་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་དང་འབུམ་རམས་པ་མཐར་ཕྱིན་ཡོད། གཞན་ཡང་ཁོང་གིས་རྒྱུད་སྨད་གྲྭ་ཚང་གི་གངས་ལྗོངས་བོད་ཀྱི་རིག་གཞུང་སློབ་གྲྭ་ནང་ལོ་གཉིས་ཙམ་སློབ་སྦྱོང་བྱས་པའི་རིང་ནང་ཆོས་ལ་དོ་སྣང་ཇེ་ཆེར་ཕྱིན་པ་དང་། དེའི་རྐྱེན་གྱིས་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནང་ནང་པའི་ལྟ་གྲུབ་ཐོག་ལོ་གསུམ་ལྷག་སློབ་གཉེར་བྱས་ཡོད།

ཞི་བདེ་ཟླ་བ།
བོད་གནས་ཉམས་ཞིབ་པ། རྩོམ་པ་པོ།

བེ་རི་རྒྱལ་སྲས།
རྩོམ་པ་པོ། བོད་ཡིག་དགེ་རྒན།
དངོས་མིང་། བེ་རི་དཔལ་ལྡན་རྣམ་རྒྱལ། བོད་དུ་སྐྱེས། ལོ་བདུན་ལ་རྒྱ་གར་དུ་འབྱོར། འབྲས་སྤུངས་བློ་གསལ་གླིང་དུ་སློབ་སྦྱོང་བྱས། ༢༠༡༢-༢༠༡༨ བར་ཝ་ན་མཐོ་སློབ་ཀྱི་དགེ་རྒན་བྱས། ༢༠༡༦ ནས་ བོད་སློབ་ཁག་གི་སློབ་འཁྲིད་ལམ་སྟོན་པ་བྱས། ཨ་རི་དང་ཀོ་རི་ཡ། རྒྱ་བལ་འབྲུག་གསུམ་ལ་སློབ་ཁྲིད་དང་ཟབ་སྦྱོང་གང་མང་ཕུལ། བོད་ཡིག་གི་དེབ་བཅུ་ཙམ་དང་། སློབ་འཁྲིད་ཡོ་ཆས་མང་པོ་གསར་བཟོ་བྱས། ད་ཆ་དྲ་ཐོག་ནས་བོད་ཡིག་སློབ་ཁྲིད་ཀྱི་དགེ་རྒན་ཡིན།

འབུམ་རམས་པ་བློ་སྐྱིད་ཚང་།
Anthropologist
འབུམ་རམས་པ་བློ་སྐྱིད་ཚང་ནི་མི་རྒྱུད་དཔྱད་རིག་པ་བོད་མི་ཨ་རི་བ་ཞིག་ཡིན། ཁོང་མོས་བོད་ནང་གི་བོད་པའི་ངོ་བོ་མེད་པར་བཟོ་རྒྱུའི་དམིགས་ཡུལ་བཟུང་བའི་རྒྱ་ནག་གཞུང་གི་སྲིད་ཇུས་ལ་བོད་མི་ཚོས་ཇི་ལྟར་ངོ་རྒོལ་བྱེད་པ་དང་། བཙན་བྱོལ་ནང་མ་འོངས་པའི་མདུན་ལམ་ཇི་ལྟར་བསྐྲུན་་ཐབས་བཅས་ལ་ཞིབ་འཇུག་གནང་གི་ཡོད། རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་ལ་ཁོང་གིས་ཞིབ་འཇུག་གནང་བའི་ནང་དུ། སློབ་གྲྭ་དེ་དག་གིས་བོད་ཕྲུག་མི་རབས་རྗེས་མར་བོད་པའི་ཤེས་ཡོན་ཁྱད་པར་བ་ཞིག་དང་བོད་པས་བསྐྲུན་པའི་ཁོར་ཡུག་ནང་སྐྱེད་སྲིང་བྱེད་པ་བརྒྱུད་ནས་བོད་པའི་འཇིག་རྟེན་ཇི་ལྟར་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། དེས་སྤྱི་ཚོགས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རང་གི་ངོ་བོ་སྲུང་འཛིན་བྱེད་པར་ཕན་ཐོགས་ཡོད་པ་མ་ཟད། མཉམ་རུབ་ཀྱི་འཚོ་བ་ཇེ་དྲག་ཏུ་གཏོང་བ་དང་། མཉམ་མྱོང་། རང་དབང་། རང་ཐག་རང་གཅོད་ཀྱི་བོད་ཀྱི་མ་འོངས་པའི་རེ་འདུན་ལ་གཞི་བཅོལ་བའི་ཕན་ཚུན་རོགས་རམ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཐུབ་པ་བཅས་གསལ་སྟོན་གནང་ཡོད། དེ་བཞིན་ཁོང་གིས་བྱམས་སྐྱོང་དང་གཉེན་ཚན། དེ་བཞིན་ཤེས་ཡོན་སྦྱོང་བརྡར་གྱི་ལག་ལེན་བཅས་ནི་བཙན་འོག་ནས་བསྐྱར་གསོ་བྱེད་པའི་ནུས་པ་ལྡན་གྱི་ལག་ལེན་གལ་ཆེན་ཞིག་ཡིན་པ་གསལ་སྟོན་གནང་ཡོད།

མཁས་དབང་ན་ག་སངས་རྒྱས་བསྟན་དར།
རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན། བོད་ཀྱི་དཔེ་མཛོད་ཁང་།
བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་དང་སྡེ་ཚན་གྱི་༼གཏམ་ཚོགས།༽དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན། དེ་བཞིན་ལོ་ངོ་ཉི་ཤུ་ལྷག་གི་བོད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་དང་། ད་ལྟའི་ཆར་དཔེ་མཛོད་དུ་སྔ་དྲོའི་དམིགས་བསལ་བོད་ཡིག་འཛིན་གྲྭ་དང་ཟབ་སྦྱོང་ཀྱང་འཁྲིད་ཀྱི་ཡོད།